???????????????????????????? ???????????????????????????
发布于 2021-11-22 19:51 ,所属分类:散文阅读园地
属于我们共同的文学大舞台

༄༅།།རྗེས་དྲན་མཆོད་པའི་ཚིག་ཕྲེང་།
རོང་བཙུན་འཇིགས་མེད་འོད་ཟེར།མཚོ་ལྷོ།
ཚོགས་གཉིས་མཐར་ཕྱིན་སྟོན་པ་ཤཱཀྱའི་ཏོག།
འཇམ་དཔལ་ངུར་སྨྲིག་རྣམ་རོལ་ཙོང་ཁ་བ།།
བཀའ་དྲིན་གསུམ་ལྡན་བསེ་ཚང་རྡོ་རྗེ་འཆང་།།
རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོར་འདུད།།
བློ༷་ཆེན་རྒྱལ་ཀུན་འདུས་པའི་བདག་ཉིད་སྐུ།།
སྐལ་བཟ༷ང་ཚོགས་ལ་ཐར་པའི་ལམ་སྟོན་གསུང་།།
དཔ༷ལ་ཀུན་ཡོན་ཏན་མ་ལུས་ལྷུན་རྫོགས་ཐུགས།།
གསུམ་ལྡ༷ན་རྗེ་བཙུན་བླ་མས་དངོས་གྲུབ་སྩོལ།།
སྐུ་༵ཡི་མཚན་དཔེ་གསེར་ལྗོངས་ཡུལ་དུ་བཞད།།
ག༵སུང་གི་བུ་སློབ་རྒྱལ་ཁམས་ཡོངས་ལ་ཁྱབ།།
ཐུག༵ས་རྗེ་འོད་ཀྱིས་འགྲོ་རྣམས་བདེ་ལ་བཀོད།།
ང་ཡི་སྐྱབས་མཆོག་བླ་མ་བསེ་ཚང་ལགས།།
གོང་ས་སྐྱབས་མགོན་ཉི་ཟླ་རྣམ་གཉིས་དང་།།
སྐྱབས་རྗེ་ཨ་རོལ་རོང་སྟོན་བདུན་པ་སོགས།།
བསྟན་འཛིན་སྐྱེས་ཆེན་དམ་པ་བཅུ་ཕྲག་ལྷག།
བསྟེན་ཏེ་མདོ་སྔགས་མཐའ་དག་ཐུགས་སུ་ཆུད།།
སྐུ་ན་གཞོན་པའི་དུས་ནས་འབྲི་ཀློག་དང་།།
སུམ་རྟགས་སྙན་ངག་ལོ་རྒྱུས་སོགས་ལ་སྦྱངས།།
ཁྱད་པར་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིར།།
ཐོས་བསམ་སྒོམ་སྒྲུབ་གནང་བའི་རྣམ་ཐར་ཆེ།།
ཐོས༵་པ་གཙོ་ཆེར་དབུས་ཀྱི་གདན་སར་མཛད།།
བས༵མ་པའི་མཁྱེན་དཔྱོད་ཕུལ་དུ་ཕྱིན་པ་ཡིས།།
སྒོམ༵་པའི་ཉམས་བཞེས་སྒྲུབ་པ་མཐར་ཕྱིན་ཏེ།།
བསྟན་འཛིན་ཀུན་གྱི་གཙུག་གི་ནོར་བུར་གྱུར།།
འཆ༵ད་པས་གཞུང་བརྒྱའི་སྒོ་མོ་རྣམ་པར་ཕྱེས།།
རྩོད༵་པའི་རྣམ་དཔྱོད་འགྲན་པའི་ཟླ་དང་བྲལ།།
རྩོམ༵་པའི་མཛད་བཟང་པོད་ཆེན་བཅུ་ཕྲག་ལྷག།
ཕྱི་རབས་གདུལ་བྱའི་ཚོགས་ལ་རྟེན་དུ་མཛད།།
མཁ༵ས་པའི་མཚན་སྙན་ཡུལ་ཕྱོགས་ཀུན་ལ་ཁྱབ།།
བ༵ཙུན་པའི་རྣམ་ཐར་སྡོམ་གསུམ་ཉམས་ལེན་ཟབ།།
བཟ༵ང་བོའི་ཡོན་ཏན་མ་ལུས་ཐུགས་མངའ་བའི།།
བསྟན་འཛིན་ཁྱེད་འདྲ་དེང་དུས་ཤིན་ཏུ་དཀོན།།
ལྟ༵་བ་ཁྱད་འཕགས་མཐའ་བྲལ་དབུ་མར་གནས།།
སྒོམ༵་པ་ཟབ་མོ་མདོ་སྔགས་ཟུང་འབྲེལ་ལམ།།
སྤྱོད༵་པ་ཡང་དག་བསྟན་འགྲོ་ཡོངས་ལ་ཕན།།
ཞྭ་སེར་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན།།
སྔོན་ཚེ་མཁས་གྲུབ་དམ་པ་མང་བོའི་མདུན།།
དབང་ལུང་ཁྲིད་སོགས་ཟབ་ཆོས་མཐའ་ཡས་པ།།
ལེགས་པར་མནོས་ཏེ་གདམས་པའི་གཏེར་དུ་གྱུར།།
བསྟན་པའི་མཛོད་འཛིན་ཁྱེད་ལས་གཞན་ན་སུ།།
དེའི་ཕྱིར་ཐུགས་བསྐྱེད་ཟབ་མོས་ཉེར་དྲངས་ནས།
རྣམ་གྲོལ་དོན་གཉེར་སྐྱེ་འགྲོ་ཐམས་ཅད་ལ།།
ཆོས་ཀྱི་བདུད་རྩི་ཅི་དགར་སྦྱིན་མཛད་པས།།
དད་ལྡན་སློབ་ཚོགས་བྱེ་བའི་མགོན་དུ་གྱུར།།
བསམ་སྦྱོར་ངན་རྒུའི་བཙོན་རར་བཞུགས་དུས་སུ།།
ཐུན་མོང་སྣང་ངོར་དཀའ་བ་ཁྱད་བསད་ཀྱིས།།
དམ་པའི་རང་རྟགས་མངོན་ཞིང་འགྲོ་དོན་དུ།།
དགེ་སྦྱོར་སྒོམ་བཟླས་མཛད་ཚུལ་ངོ་མཚར་ཆེ།།
ཡང་དར་བསྟན་པའི་སྒོ་མོ་འབྱེད་པའི་ཚེ།།
བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་ལ།།
ཕྱག་ལས་བླ་མེད་གནང་བའི་མཛད་རྗེས་དེ།།
མཇལ་ཚེ་བཀའ་དྲིན་དད་གུས་སུས་མི་ཞུ།།
ཁྱད་པར་ཀུན་གཟིགས་པཎ་ཆེན་བཅུ་བ་ཡིས།།
ཆོས་དང་རིག་གཞུང་སླར་གསོ་མཛད་པའི་ཚེ།།
ཁོང་དང་ལྷན་དུ་བོད་ཁམས་ཕལ་མོ་ཆེར།།
ཞབས་ཀྱིས་བཅགས་ཏེ་ཕྱག་ལས་རྒྱ་ཆེར་གནང་།།
བོད་བརྒྱུད་ནང་བསྟན་སློབ་གླིང་ལ་སོགས་པའི།།
རིག་པའི་བསྟི་གནས་མང་བོར་འཆད་ཁྲིད་ཀྱིས།།
ཡུན་རིང་བསྐྱངས་པའི་སློབ་དཔོན་ཆེན་པོ་ཁྱེད།།
དེང་དུས་གངས་ལྗོངས་མ་ཧཱ་པཎྜི་ཏ།།
བསྟན་པའི་གསལ་བྱེད་ཆེན་པོར་གྱུར་པ་ནས།།
མདོ་ཁམས་སྨད་ཀྱི་དགོན་སྡེ་ཕལ་མོ་ཆེས།།
དབང་ལུང་ཁྲིད་སོགས་ཟབ་ཆོས་གང་ཞུས་པ།།
ལེགས་པར་གནང་བའི་བཀའ་དྲིན་བསམ་མི་ཁྱབ།།
མདོ་སྨད་སྐྱབས་མགོན་བརྒྱད་པ་ཆེན་པོ་གཙོས།།
མཁས་གྲུབ་བསྟན་འཛིན་བུ་ཆེན་ཐམས་ཅད་ལ།།
དབང་ལུང་ཁྲིད་སོགས་མན་ངག་མཐའ་དག་རྒྱུན།།
ལེགས་པར་སྤེལ་ཏེ་བསྟན་པའི་ཁུར་ཆེན་བཞེས།།
གདུལ་བྱའི་ཚོགས་ལ་སྨིན་བྱེད་དབང་ལུང་ཁྲིད།།
གནང་བའི་མཛད་འཕྲིན་ཆེན་པོ་སྐྱོང་ཞོར་དུ།།
དད་པའི་རྟེན་ལ་སྲས་མཁར་དགུ་ཐོག་སོགས།།
རྟེན་གསུམ་བཞེངས་པའི་རྣམ་ཐར་ཧ་ཅང་མོད།།
ཉམ་ཆུང་བདག་ཀྱང་མགོན་པོ་གང་གི་དྲུང་།།
བསྙེན་པར་རྫོགས་པ་མ་ཟད་རྡོར་ཕྲེང་དང་།།
དུས་འཁོར་དབང་ཆེན་ལ་སོགས་དབང་ལུང་ཁྲིད།།
གང་མང་ཐོབ་པའི་བཀའ་དྲིན་ཇི་ལྟར་གཞལ།།
སྐུ་ཚེ་ཧྲིལ་བོར་བསྟན་དང་འགྲོ་བའི་དོན།།
རྒྱ་ཆེར་མཛད་དེ་དགུང་གྲངས་གྱ་ལྔ་བར།།
ཉིད་ཀྱི་གདན་ས་ཡིད་དགའ་ཆོས་འཛིན་དུ།།
མཛད་པ་ཐ་མ་བསྟན་པར་གདུང་སེམས་འཕྱོ།།
དེའི་ཚེ་ཉིད་ཀྱི་གདན་ས་ཁག་གིས་གཙོས།།
ཆོས་ཀྱི་དགོན་སྡེ་མང་བོར་སྒྲུབ་མཆོད་དང་།།
བཀའ་པོད་ལྔ་སོགས་སྐྱོར་སྦྱང་དགེ་ཚོགས་ཀྱིས།།
བླ་མའི་དགོངས་རྫོགས་རྒྱ་ཆེར་བྱས་འདི་རྨད།།
མི་མངོན་དབྱིངས་ནས་བརྩེ་ཆེན་བྱིན་རླབས་དང་།།
དད་ལྡན་བུ་སློབ་ཡོངས་ཀྱིས་གསོལ་བཏབ་མཐུས།།
ངོ་མཚར་རྟགས་མཚན་སྣ་ཚོགས་ཐུན་སྣང་དུ།།
བསྟན་པའི་མཛད་བཟང་དད་པའི་ཡུལ་དུ་ཆེ།།
རེ་ཞིག་གཟུགས་སྐུ་རགས་པ་བསྡུས་སྐབས་ནས།།
དཔྱོད་ལྡན་བུ་སློབ་རྣམས་དང་མཁས་མང་གིས།།
གདུང་ཤུགས་དྲག་པོས་གསོལ་འདེབས་རྗེས་དྲན་དང་།།
རྟོགས་བརྗོད་སྙན་རྩོམ་གྲངས་མེད་མཛད་པ་མཚར།།
ལྟོས་བཅས་འགྲོ་བའི་རེ་འབྲས་སྨིན་སླད་དུ།།
བརྩེ་བའི་ཐུགས་དགོངས་ཟབ་མོ་མ་གཡེལ་བར།།
བསྟན་པའི་དཔལ་གྱུར་ཡང་སྤྲུལ་གཞོན་ནུ་ཞིག།
མི་རིང་མྱུར་དུ་འབྱོན་པར་སྙིང་ནས་གསོལ།།
དེ་ལྟར་རྗེས་དྲན་མཆོད་པའི་ཚིག་ཕྲེང་འདིས།།
དཔལ་ལྡན་བླ་མའི་མཛད་པའི་ཆ་ཙམ་ཞིག།
བརྗོད་པ་འདིས་མཚོན་དགེ་ཚོགས་ཅི་བྱས་པས།།
ཚེ་རབས་ཕྲེང་བར་ཁོང་དང་མཇལ་བར་ཤོག །
ཅེས་རྗེས་དྲན་མཆོད་པའི་ཚིག་ཕྲེང་འདི་ནི།བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ།མདོ་སྔགས་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཆེན་མོ།མཚན་བརྗོད་པར་དཀའ་བ།དོན་གྱི་སླད་དུ་མཚན་ནས་སྨྲས་ན་༧རྗེ་བཙུན་བླ་མ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་སྐབས།དམ་པ་ཁོང་ལས་ཡུན་རིང་ལ་ཆོས་ཀྱི་བདུད་རྩི་ཐོབ་པའི་སྐལ་བ་ཅན།རོང་བཙུན་འཇིགས་མེད་འོད་ཟེར་དུ་འབོད་པས་གདན་ས་ཆེན་པོ་རོང་བོ་དགོན་ཆེན་གྱི་རང་ཤག་ཏུ་ལྷ་བབས་དུས་ཆེན་ཉིན་སྦྱར་བ་དགེའོ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་།ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དཔེ་ཀློག

དཔེ་ཀློག|ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།

赞赏

འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ།སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ།རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!
相关资源