????????? | ????????????????? 散文| 没有故乡的人
发布于 2021-11-26 21:47 ,所属分类:散文阅读园地
ཕ་ཡུལ་མེད་པའི་མི།
སྒྲོག་རུས།
ཉིན་འགའི་སྔོན། པེ་ཅིང་དུ་ཏོག་གསར་གློ་ཚད་ཅན་གྱི་ནད་པ་འགའ་རེ་བྱུང་བས། ང་རང་སློབ་གྲྭས་བཀོད་བསྒྲིགས་བྱས་པ་ནང་བཞིན་ཤག་ཁང་དུ་བསྡད་དེ་དངོས་བཤུས་གློག་བརྙན་ཞིག་ལ་བལྟས་ཏེ་བསྡད་ཡོད། ཕྱི་རོལ་དུ་ཁ་བ་འབབ་ཀྱིན་འདུག་ལ། མདང་ནུབ་ནས་བབས་ཚོད་གདའ་སྟེ། ངས་སྒེའུ་ཁུང་གི་ཡོལ་བ་ཕྱེས་ཏེ་ཕྱི་རུ་ལྟ་སྐབས། མདང་ནུབ་བབས་པའི་ཁ་བ་ད་རུང་མ་ཞི་བར་ཆགས་འདུག ཁ་བ་འབབ་མཚམས་འཇོག་རྒྱུ་མིན་པ་འདྲ། སྟོན་རླུང་ཞིག་དང་བསྡོངས་ཏེ་གང་ཞིག་ནས་ཤོར་འོང་བ་ལྟར་འབབ་པའི་ཁ་བའི་འདབས་མ་ར་ེརེ་ས་རུ་ལྷུང་ཞིང་། ཁང་ཀླད་དང་ཁོ་ར་ཁོར་ཡུག་ཚང་མ་དཀར་བོང་བོང་དུ་བཏང་འདུག ང་རང་འདི་རུ་ཡོང་ནས་མི་ལོ་གསུམ་འགོར་གྱིན་འདུག དྲན་སྣང་ཁྲོད། པེ་ཅིང་དུ་ཁ་བ་འདི་འདྲ་ཆེན་པོ་ཞིག་བབས་པ་དྲན་རྒྱུ་མི་འདུག ངས་སྒེའུ་ཁུང་ལས་མགོ་བོ་ཕྱི་རུ་བསྲིང་ནས་འཁྱག་སིབ་སིབ་ཀྱི་མཁའ་རླུང་གདོང་བར་གླན་དུ་བཅུག་པ་ཡིན།
དངོས་བཤུས་གློག་བརྙན་དེར་བལྟ་ཚར་ལ་ཉེ་སྐབས། ཤག་ཁང་གི་སྒོ་ཕྱེས་བྱུང་ལ། ནང་དུ་ཡར་ཡོང་མཁན་ནི་ངའི་སློབ་གྲོགས་ཤིག་རེད། ཁོ་ནི་ངའི་སློབ་གྲོགས་ཡིན་པ་མ་ཟད། ཁོམ་སྐབས་རེར་ཕྱི་རུ་འཁྱམ་འཁྱམ་ལ་འགྲོ་རོགས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། སྔོན་མ་ཞིག་ཏུ། ངེད་གཉིས་མཉམ་པོར་པོ་ཧེའུ་རྒྱ་མཚོའི་ཁར་འཁྱམ་ཉུལ་དུ་འགྲོ་མྱོང་ཞིང་། མཚོ་གྲུར་བསྡད་དེ་ཤུགས་ཅི་ཡོད་ཀྱིས་ཀི་རིང་ཡང་བཏབ་པ་ཡིན། དེ་ནས་ཡང་རང་ཉིད་སྔར་སོང་མ་མྱོང་སའི་གྲོང་ཁྱེར་རེར་སྤྲང་ཉུལ་བྱས་ཏེ་སོང་ཞིང་། མི་ཚེ་དང་རྨི་ལམ་ཡང་གླེང་བ་ཡིན། ལག་ཟུང་ནམ་མཁའ་ཇི་བཞིན་སྟོང་བར་ཆགས་ཡོད་ནའང་། འདོད་འདུན་དང་གདུང་ཡུས་གཅིག་མཚུངས་ཡིན་པའི་གྲོགས་པོ་ཁོ་ནི་ངའི་ས་འདི་ཡི་གྲངས་ཀ་ཤིན་ཏུ་ཉུང་བའི་གློ་ཉེ་བའི་གྲོགས་པོ་དག་གི་གྲས་ཀྱི་གཅིག་ཡིན། དེ་ཡང་མིན་པ་འདྲ། ས་འདིར་ང་ལ་རང་གི་ཕུགས་འདུན་དང་ཕ་ཡུལ་གླེང་མཁན་གྱི་གྲོགས་པོ་གཅིག་ཡོད་པ་ནི་ཁོ་གཅིག་པུ་ཡིན་པ་འདྲ། ཁོས་སེམས་པ་སྐྱིད་པོ་མེད་པས་འདི་གར་ཡོང་བ་ཡིན་ཟེར་ལ། ཉིན་འདི་གར་རྟག་པར་གནོན་ཤུགས་ཤིག་གིས་དེད་ནས་ཡོང་སྟེ། རང་དགར་ནང་དུ་འདུག་རྒྱུར་གོམས་ཀྱི་མི་འདུག་ཟེར།
ཕྱི་དྲོའི་ཉི་འོད་སེར་ལམ་ལམ་ཤག་ཁང་གི་སྒེའུ་ཁུང་ལས་གསེག་འཕྲོ་བྱས་ཏེ་ཡོང་ཞིང་། ཁ་བའང་འབབ་མཚམས་བཞག་སོང་། གྲོགས་པོ་ངེད་གཉིས་ཤག་ཁང་དུ་བསྡད་དེ་སྐད་ཆ་གང་འདོད་འདོད་པོར་བཤད་པ་ཡིན། མཚམས་ཤིག་ལ་ཁོས་ང་ལ་ཁོ་རང་གི་མཐར་ཕྱིན་བརྩམས་ཆོས་སྐོར་ནས་བཤད་བྱུང་། ཁོས་ཁོའི་མཐར་ཕྱིན་བརྩམས་ཆོས་རང་གི་སྐྱེ་ཡུལ་དང་བོད་ནང་གཉིས་ནས་ཕབ་སྐྲུན་ཐུབ་ན་བསམ་བྱུང་ཟེར་ལ། ང་ལ་འཁྲབ་སྟོན་པ་ཞིག་རྙེད་མིན་གྱི་སྐོར་ནས་ཀྱང་དྲིས་བྱུང་། ངས་ནི་ཁ་ཚོད་གཅོད་ཐབས་མི་འདུག་མོད། ཕར་ཆེར་རྙེད་ངེས་ཞེས་བཤད། ཁོས་སྔོན་མར་ཀྲང་ཡང་གིས་ཕབ་པའི་ ༼གངས་རི་པོ་ཆེ༽ ་ལ་བལྟས་ཤིང་། དེ་ནས་བཟུང་ས་དེར་དམིགས་བསལ་གྱི་འདང་ཞིག་ཆགས་སོང་ཟེར།དེ་ནས་ད་ལྟའི་བར།་བོད་ཀྱི་གློག་བརྙན་གང་ཡོད་ན་དེར་བལྟས་ཤིང་།ད་ནི་ཕར་ཆེར་ཚང་མར་བལྟས་ཟིན་ཚོད་ཡིན་ཟེར། ཁོ་རང་གློག་བརྙན་དེ་ཚོའི་ཁྲོད་ཀྱི་མི་སྣ་སོ་སོར་དགའ་ཟེར། ཁོས་རྒྱུ་མཚན་གསལ་བོ་མི་ཤེས་མོད།གློག་བརྙན་ནང་གི་མི་སྣ་རེ་འགས་རང་གི་འདོད་ཆགས་དང་ཞེ་སྡང་ཡོད་ཚད་ཐང་ལ་གཡུག་ནས།སྔོན་དུ་སྤོས་པའི་གོམ་པ་རེ་རེ་ལྷ་སར་ཕྱོགས་འགྲོ་བ་དེ་ནི་ཡིད་སེམས་གཏིང་ནས་སྒུལ་ཡོང་བ་ཞིག་རེད་ཟེར། དེ་བཞིན་ཁོས་ངའི་མཐར་ཕྱིན་བརྩམས་ཆོས་གང་ནས་ཕབ་སྐྲུན་དང་བརྗོད་གཞི་ག་རེ་ཡིན་པའང་དྲིས་བྱུང་། ངས་ང་རང་རང་གི་ཕ་ཡུལ་ལ་སོང་ནས་ཕབ་སྐྲུན་བྱེད་དགོས་ཞེས་བཤད་ལ། འཁྲབ་གཞུང་འདྲ་མ་ཞིག་བྲིས་ཏེ་ཉིན་འགའ་འགོར་ཟིན། འོན་ཀྱང་། སྒོར་མོ་དང་དེ་འབྲེལ་གྱི་རྒྱུ་རྐྱེན་གང་མང་གིས་ད་རུང་ཕབ་ཐུབ་མིན་མི་ཤེས་ཞེས་བཤད་པ་ཡིན། རེབ་དེར། ཁོ་ཁ་རོག་གེར་བསྡད་བྱུང་ལ། ཏབ་ཅིག་གི་རྗེས་ནས། ཁོས་ང་ལ་ཁྱོད་ལ་ཕ་ཡུལ་ཞེས་ཁ་ཕྱིར་འཁོར་ས་ཞིག་ཡོད་པ་ནི་ཅི་འདྲའི་ལས་བསོད་དང་ལྡན་པ་ཞིག་རེད་ཨང་ཟེར། ངས་ཁོས་གློ་བུར་དུ་དེ་ལྟར་བཤད་དོན་ཧ་མ་གོ་བས། དེ་ག་རེ་ཡིན་ནམ་ཞེས་དྲིས་པ་ཡིན།
གྲོགས་པོས་ཁོའི་ཕ་མ་གཉིས་ནི་ཧེའུ་ནན་ནས་ཡིན་ལ། གཉེན་བསྒྲིག་རྗེས་ཞིན་ཅང་ལ་སོང་ནས་འཚོ་བ་རོལ་ཞིང་། ཁོ་རང་ནི་ཞིན་ཅང་ནས་སྐྱེས་པ་ཡིན་ཟེར། ཐོབ་ཐང་ལག་འཁྱེར་གྱི་ངོས་སུ་རྒྱ་རིགས་ཞེས་བྲིས་ཡོད་ནའང་། ཁོ་རང་ཉིད་རང་གི་སྐྱེ་རྒྱུད་ཀྱི་ཁུངས་ཡིན་པའི་ཧེའུ་ནན་ནས་འཚོ་བ་རོལ་ལྟ་ཅི། ཐ་ན་དུས་ཡུན་ལོ་ངོ་གཅིག་གཉིས་ཤིག་ལའང་གནས་བཅས་ནས་འདུག་མ་མྱོང་ཟེར། ཡང་ཉེ་འཁོར་གྱི་གྲོགས་པོ་ཚོས་ཁོ་རང་ཞིན་ཅང་ནས་རེད་ཟེར་མོད། དངོས་གནས་བཤད་ན་ང་རང་ས་དེ་ག་ནས་སྐྱེས་པ་ཙམ་ལས་མི་རིགས་དེའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ཅི་དང་གང་ཡང་མེད། དེ་བས། དོན་སྙིང་འདིའི་ངོས་ནས་བཤད་ན་ང་ལ་ཕ་ཡུལ་མི་འདུག་ཟེར། ང་རང་མི་ཚེ་གང་བོར་ཡུལ་གྱར་བ་ཞིག་རེད་ཟེར། ངས་མི་ཚེ་གང་བོར་གཞན་གྱི་ཕ་ཡུལ་ནས་འཚོ་བ་རོལ་ཞིང་ཡིད་གདུང་དག་ལག་པས་བྱིལ་བྱིལ་གཏོང་དགོས་འདུག་ཟེར། སློབ་མཐར་ཕྱིན་རྗེས་ཁོ་རང་ཡང་པེ་ཅིང་ནས་འཚོ་བ་རོལ་ཐབས་མི་འདུག་ཟེར། སྐད་ཆ་དེ་དག་གོ་དུས། ངས་ང་རང་ཅི་འདྲའི་ལས་བསོད་དང་ལྡན་པ་ཞིག་རེད་ཨང་བསམ་ཞིང་། ཞོར་དུ་ངའི་ཡིད་སེམས་ཀྱང་འཁྱག་སིབ་བེར་བཏང་བྱུང་།
སློབ་ཆེན་འགྲིམ་པའི་ལོ་ངོ་འདི་དག་རིང་། ངས་གློག་བརྙན་ཟེར་བའི་རྨི་ལམ་ཞིག་རང་གི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཏུ་བསམ་སྟེ་གོམ་པ་རྒྱང་ནས་རྒྱང་ལ་ཕྱོགས་ཤིང་། རང་གི་ཚེ་སྲོག་གི་ཐོག་མའི་ཁྲག་ཐིགས་ས་ལ་སིམ་སའི་ཕ་ས་མ་ཡུལ་དང་ཡང་ནས་ཡང་དུ་གྱེས། ལག་པ་བྲང་ལ་བཞག་ནས་འདང་ཞིག་བརྒྱབ་ན། སློབ་མཐར་ཕྱིན་ལ་ཉེ་བའི་དུས་ཚོད་འདིའི་ནང་དུ། ངས་རང་གི་མ་འོངས་པའི་ཕྱོགས་སུ་འཆར་གཞི་དང་གྲ་སྒྲིག་ཅི་དང་གང་བྱས་ཀྱང་། ཕ་ཡུལ་རང་གི་འཆར་གཞི་དང་བདམས་གསེས་ཀྱི་ནང་དུ་ཚུད་ཀྱིན་མེད། ནར་སོན་གྱིན་སོན་གྱིན། ང་རང་ངོས་གཉིས་སུ་གྱེས་བཞིན་པ་འདྲ་སྟེ། ངོས་གཅིག་གིས་རང་གི་ཕ་ས་མ་ཡུལ་ལ་སྐད་ཆས་ཤོད་ཐབས་མེད་པའི་བརྩེ་དུང་ཞིག་བཅིངས་ཡོད་ལ། ངོས་གཅིག་དུས་ཚོད་ཀྱི་མདའ་ཁབ་ཐག་ཐག་འཁོར་བ་དང་མཉམ་དུ་ཕ་ཡུལ་དང་རྒྱང་ནས་རྒྱང་དུ་ཕྱོགས་པའི་གནས་མལ་ཞིག་ལ་རེ་བཞིན་འདུག འདི་ནི་ནར་སོན་གྱི་རིན་དོད་ཀྱང་ཡིན་པ་འདྲ།
དུས་རབས་འདི་གྱེས་བྲལ་གྱིས་ཁེངས་པ་ཞིག་རེད། ནང་མི། སེམས་སོང་། ཕ་ཡུལ། ང་ཚོ་གཟུགས་དང་དང་གཟུགས་མེད་ཀྱིས་ངང་ནས་དེ་དག་སོ་སོར་གྱེས་བྲལ་བྱུང་ཞིང་། མ་ཟད། ང་ཚོས་དེ་དག་ལ་ད་ཐུག་བར་ནན་ཏན་གྱིས་གྱེས་ཕྱག་ཅིག་དང་བློ་འགྱོད་ཅིག་ཀྱང་སྐྱེས་མྱོང་མེད་པ་འདྲ། དུས་ཚོད་ག་ཤེད་ཅིག་ནས། དེ་དག་སོ་སོ་ཐོག་མ་ནས་གྲུབ་པ་ཞིག་ཏུ་བསམ་འོང་གིན་ཡོད་པ་འདྲ། དེ་ནི་སེམས་པར་ཤིན་ཏུ་ཟུག་གཟེར་གཏོང་བ་ཞིག་རེད། གྲོགས་པོས་ཁོ་རང་ལ་ཕ་ཡུལ་ཞེས་ཡིད་གདུང་དག་ལྗིད་ཏིག་གེར་ས་རུ་བྱོ་ས་ཞིག་མི་འདུག་ཅེས་པའི་སྐད་ཆ་དེས། ང་ལ་རང་གི་མ་འོངས་པ་དྲན་དུ་བཅུག་བྱུང་། ང་ལ་རང་གི་མཐའ་འཁོར་གྱི་སྙིང་ཉེ་བའི་མི་དག་གི་མ་འོངས་པ་དྲན་དུ་བཅུག་བྱུང་།
ཕྱི་དྲོའི་ཉི་འོད་ཀྱི་སྣེ་མོ་དལ་མོ་དལ་མོར་ཡར་བཀྱགས་ཏེ་ཤག་ཁང་གི་ཁང་བརྩེགས་རེ་རེའི་ཀླད་དུ་འཕོག་ཅིང་། དེ་ནས་སླར་ཡང་མུན་གནག་རྗེས་སུ་དྲུད་ནས་ཐོན་བྱུང་། མུན་རུབ་སོང་། གྲོགས་པོས་ད་ནི་ཁོ་རང་ཕྱིར་རང་ཤག་ཏུ་ལོག་གི་ཡིན་ཟེར་ནས་བཤད་བྱུང་ལ། འགྲོ་ཁར། ཁོས་རང་གི་ཁ་པར་གློ་ཁུག་ནས་ཕྱིར་བཏོན་ཏེ་སྙན་དུམ་ཞིག་ཀྱང་བཏོན་བྱུང་། སྙན་དུམ་དེའི་ཁ་ཡིག་ལ་ ༼ཕ་ཡུལ་མེད་པའི་མི། ༽ཞེས་བྱ་ཟེར་ནས་བཤད་བྱུང་ལ། ང་རང་དགོད་ཞོར་དུ། ཁྱོད་རང་མི་ཚེ་གང་པོར་ཡུལ་གྱར་བ་ཞིག་བྱ་དགོས་པ་དེ་ནི་ལས་སྡུག་པ་ལ་ཨང་ཟེར་ནས་ཀྱལ་ཀའི་ཚུལ་དུ་བཤད་རྗེས། ཁོ་རང་ཤག་ཁང་གི་སྒོ་བར་དུ་སྐྱེལ་མ་ཙམ་བྱས། ཁོ་རང་ཡང་དགོད་ཞོར་དུ་བུད་སོང་། དེ་ནི་སྐྱོ་འཛུམ་གྱིས་ཁེངས་པ་ཞིག་རེད། ཁོ་རང་སོང་རྗེས། ང་རང་ཡང་ཤག་ཁང་དུ་གཅིག་པུར་ལུས་སོང་། དུས་ཚོད་འདིའི་ཐོག ཤག་གྲོགས་ཚོ་ད་དུང་རྔུལ་ཆུ་ཁྲོམ་ཁྲོམ་རྐང་རྩེ་སྤོ་ལོ་རྩེ་བཞིན་ཡོད་ངེས། ང་རང་སྐར་མ་གཅིག་གཉིས་ཤིག་ལ་ཁ་རོག་གེར་བསྡད་ཅིང་། སེམས་སུ་གྲོགས་པོས་བྲིས་པའི་སྙན་དུམ་དེ་ནི་ཅི་འདྲའི་བློ་ལ་འབབ་པ་ཞིག་རེད་ཨང་བསམ་བྱུང་།
༢༠༢༡ ·༡༡· ༦
གྲོགས་པོས་བྲིས་པའི་སྙན་དུམ།
没有故乡的人
残存的记忆在奋力搏斗
风声交错着远方的呼唤
我仍记得支离破碎前
日月交替时分
火焰燃烧迸发出的灰烬
灰溜溜的藏到一旁
一旁的人
只懂得享受火焰的温暖
不懂得感谢灰烬付出的生命
他恨自己没有故乡
尸骸无处安放
像灰烬一样
没有故乡的人
眼泪总在深夜流淌
是远方的悸动在挑拨我
横跨着我崩溃的力量
当我痛苦时我就思念故乡
当我流泪时我已失去故乡
སྔ་མའི་ནང་དོན་དག
རྨོ་མོ། སྒྲོག་རུས།
གྱེས་བྲལ་གྱིས་གཙང་པོས་འཁུར་གྱིན་པའི་བདག་དང་བདག་གི་མི་རབས། སྒྲོག་རུས།
མི་རབས་ཤིག་གི་གྱེས་བྲལ། སྒྲོག་རུས
相关资源